མིའི་རིགས་ཀྱི་རྟེན་གཞིར་གྱུར་པའི་འཇིག་རྟེན་འདིའི་ཐོག་ གི་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱིས་འཛམ་གླིང་ཞི་བདེ་དང༌། རང་དབང༌། འདྲ་མཉམ། དྲང་བདེན། དམངས་གཙོ། ད་དུང་ཡང་དག་པའི་ཁྲིམས་ཀྱིས་དབང་བསྒྱུར་བྱས་ཏེ་མི་ཚང་མ་ཡ་རབས་དང༌། ཞི་འཇམ་དྲང་བདེན་སོགས་བཟང་སྤྱོད་དང་ལྡན་པའི་ལམ་དུ་ཁྲིད་ནས་འཇིག་རྟེན་འདིར་ ཚུལ་དང་ལྡན་པའི་རྗེས་རབས་པ་མང་པོ་ཞིག་གསོ་སྐྱོང་བྱ་ཆེད། འཛམ་གླིང་འདིའི་ཐོག་གི་ཚད་ལྡན་གྱི་རྒྱལ་ཁབ་མང་པོས་རང་ཉིད་ཀྱི་མེས་པོའི་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་ལམ་ལུགས་དང༌། རྒྱལ་སྤྱིའི་ཆབ་སྲིད་ལམ་ལུགས། སྤྱི་ཚོགས་ལམ་ལུགས་དང་སློབ་གསོ། དཔལ་འབྱོར་དར་རྒྱས་བཅས་ཀྱི་དོན་ལ་མཐུན་སྒྲིལ་སྒོས་དཔུང་བ་མཉམ་གཤིབ་དང་འཕྱར་ གྲུ་མཉམ་འདེགས་ཀྱི་བྱེད་སྒོ་ཆེ་རུ་བཏང་སྟེ། ལོ་རྒྱུས་རང་བཞིན་ཀྱི་ཉམས་མྱོང་དག་ལ་གཞི་བཅོལ་ནས་འདས་པའི་ལོ་རྒྱུས་ཀྱི་ནོར་ འཁྲུལ་དག་ཡོ་བསྲང་བྱས་ཏེ་ཞི་བདེ་དང༌། རང་དབང༌། དྲང་བདེན་བཅས་ཀྱི་སྤྱི་ཚོགས་ཤིག་དར་སྤེལ་བཏང་དང་གཏོང་བཞིན་པའི་དུས་རབས་ འདིའི་ནང༌། རྒྱལ་ཁབ་དང་ས་གནས་མི་རིགས་གང་འདྲ་ཞིག་ཡིན་ཡང་ཐམས་ཅད་ཀྱིས་འདྲ་མཉམ་དང་བདེ་ སྐྱིད་ཀྱི་གསོན་ཤུགས་གསར་བ་ཞིག་བསྣམས་ཏེ་འཇིག་རྟེན་འདིའི་གཞི་ཁྱོན་ཀུན་ལ་ ཁྱབ་དང་ཁྱབ་བཞིན་ཡོད་མོད།

འཛམ་གླིང་གི་ཡང་རྩེར་འབོད་པའི་བོད་མི་རིགས་འདི་ཉིད་ནི་རྒྱ་ནག་གུང་ཁྲན་ཏང་ གི་ཚད་ལས་བརྒལ་པའི་ང་རྒྱལ་དང༌། འདོད་རྔམ། ཕྲག་དོག་སོགས་བདེན་རྫུན་ལེགས་ཉེས་ལ་དབྱེ་འབྱེད་མི་ཐུབ་པའི་བག་འཁུམ་དང་གུ་ དོག་པའི་བསམ་བློ་ཉི་ཚེ་བ་དེ་རིགས་ཀྱིས་སྣེ་ཁྲིད་དང་འགལ་རྐྱེན་སློང་བའི་ཉེར་ ལེན་ལ་བརྟེན་ནས་བོད་མི་རྣམས་རང་ས་རང་ཡུལ་དུ། མིའི་རིགས་ཐུན་མོང་ལ་དབང་བའི་ཐོབ་ཐང་ཕྲན་ཙམ་ཡང་མེད་པར་གུང་ཁྲན་ཏང་གི་གཅིག་ སྡུད་དབང་བསྒྱུར་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་དུ་བཅུག་སྟེ་བཟོ་ཞིང་རྟགས་ཅན་ གྱི་སྒོ་ལྕགས་ཆེན་པོ་ཞིག་བརྒྱབས་ཡོད།

ལོ་རྒྱུས་ཀྱི་སྐྱོག་མཚམས་ཤིག་ནས་མིའི་རིགས་ཀྱི་སྤྱི་ཚོགས་འདི་དང་རིང་དུ་ གྱེས་ཟིན་པའི་མི་སེར་སྤེལ་ཡུལ་ལམ་ལུགས་འོག་བྲན་གཡོག་ཚོས་བྲན་གཡོག་བདག་པོའི་ གཉའ་གནོན་དང་བཤུ་གཞོག་མྱོང་དགོས་པའི་ངན་སྤྱོད་མཐའ་དག ད་དུང་ཡང་གུང་ཁྲན་ལམ་ལུགས་ཏེ་རྒྱ་ནག་དམར་ཕྱོགས་ཁྱིམ་རྒྱུད་རིང་ལུགས་ཚོས་ བདག་འཛིན་དང་ལག་བསྟར་བྱེད་བཞིན་པ་འདི་ནི་དེང་དུས་འཛམ་གླིང་རང་བཞིན་གྱི་ མདུན་བསྐྱོད་ཁ་ཕྱོགས་ལ་རྒྱབ་བསྟན་བྱས་པ་ཞིག་ཡིན་པར་མ་ཟད། འདི་ལྟ་བུའི་སྲིད་དབང་སྒེར་གཅོད་ཀྱི་དྲག་གནོན་འོག་ནས་འགྲོ་བ་མི་དང་བཅས་པའི་ སྲོག་ལྡན་མཐའ་དག་གཙོས་རི་ཆུ་ནགས་བྲག་སོགས་རང་བྱུང་ཁོར་ཡུག་ལའང་གནོད་པ་ཚབས་ ཆེན་བཟོ་དང་བཟོ་བཞིན་ཡོད་པ་ནི་མིའི་རིགས་ཀྱི་འཕེལ་རྒྱས་འགྲོ་ལམ་ཐད་ལ་བཀག་ རྒྱ་ཚད་ལས་བརྒལ་པ་ཞིག་བཟོས་པ་མ་ཡིན་ནམ། སྤྱིར་རྒྱ་ནག་གིས་བོད་མི་རིགས་ལ་འདྲ་མཉམ་དང་རང་དབང་གི་སྲིད་ཇུས་ཤིག་ལག་ བསྟར་བྱས་ཡོད་པ་བདེན་ན། ཅི་ལྟར་བོད་མིའི་ཆོས་དད་རང་དབང་ལ་ཚད་བཀག་དང༌། མི་རིགས་རིག་གནས་ལ་ཚད་བཀག སྨྲ་བརྗོད་རང་དབང་ལ་ཚད་བཀག ལོ་རྒྱུས་ལྟ་གྲུབ་ལ་ཚད་བཀག རང་ཁྱིམ་རང་བདག་ལ་ཚད་བཀག ཐ་ན་ནར་མ་སོན་པའི་བྱིས་པ་ཙམ་ལའང་དམག་ཁྲིམས་རང་བཞིན་གྱིས་བཙན་གནོན་དང་དྲག་ ཤེད་བཀོལ་ནས་ལོ་ལྟར་བོད་མི་གྲངས་མེད་ལྐོག་གསོད་བཙོན་འཇུག་སོགས་བྱས་ཏེ། ད་ལྟའི་ཆར་བོད་མི་རིགས་འདི་ཉིད་མི་རིགས་ཆེན་པོར་འབོད་པའི་རྒྱ་མི་རིགས་དང་ བསྡུར་ན་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། འགྲོ་བ་མིའི་ཐོབ་ཐང་སོགས་འཕེལ་རྒྱས་ཀྱི་བར་ཆོད་ལ་ལོ་ངོ་བརྒྱའི་བསྡུར་རྟགས་ ཤིག་བབ་ཡོད་པ་རེད།
འདི་ནི་འདྲ་མཉམ་མིན་ལ་རང་དབང་མེད་པའི་ཚད་བཀག་ཆེན་པོ་འདིའི་མཇུག་འབྲས་ལས་ བྱུང་བ་ཁོ་ན་ཞིག་རེད།
བདག་པོའི་ཁྱིམ་གཞི་མགྲོན་པོས་འཕྲོག་ཆོག་པའི་ལམ་ལུགས་དེས་སྤྲད་པ་རེད།

རྒྱ་ནག་གི་དཔོན་རིགས་དེ་ཚོས་དེང་སྐབས་ཀྱི་རྒྱ་ནག་ནི་འཕུར་མཆོང་ལྟ་བུའི་ འཕེལ་རྒྱས་ཀྱི་རྣམ་པའི་ཐོག་ནས། རྒྱལ་ཁབ་འཕེལ་རྒྱས་དང༌། ས་གནས་འཕེལ་རྒྱས། མི་རིགས་འཕེལ་རྒྱས་ཞེས་རྒྱལ་སྤྱིའི་གླེང་སྟེགས་འདྲ་མིན་གྱི་ཐོག་ས་སྒྲོག་ གནམ་སྒྲོག་བྱེད་པའི་ངང་ཚུལ་འདི་རིགས་ནི་ས་གནས་རང་སྐྱོང་གི་འཛོང་ཁུག་ནང་ བཅུག་པའི་གྲངས་ཉུང་མི་རིགས་སུ་འབོད་པའི་གསོས་བུ་ཚོར་ ཕན་ནུས་མེད་པའི་མགོ་སྐོར་རང་བཞིན་གྱི་ཁྱབ་བསྒྲགས་དེ་དག གཉིད་འགུག་གི་བྱིས་གླུ་ལྟ་བུར་གླུ་རུ་ལེན་པའི་རྣམ་པ་ཙམ་ལས་དོན་དངོས་དང་གཏན་ ནས་མི་མཐུན་ཏེ། ལོ་རབས་ལྔ་བཅུ་བ་ནས་ད་ལྟའི་བར་གྱི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་ཁུལ་གྱི་ དཔལ་འབྱོར་དང༌། རིག་གནས། ཁོར་ཡུག ཆབ་སྲིད་ཀྱི་གནས་བབ་སོགས་རྒྱ་ནག་ནང་ཁུལ་དང་བསྡུར་ནའང་རྗེས་ལུས་ཆེན་པོ་ཐེབས་ ཡོད་པ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཐོན་ཐུབ་མེད།

དཔེར་ན། བོད་ཀྱི་རིག་གནས་སློབ་གསོ་ལྟ་བུར་ཆ་བཞག་ན་ལོ་ངོ་འདི་དག་གི་རིང་གུང་ཁྲན་ཏང་ གི་སྲིད་ཇུས་དྲིལ་བསྒྲགས་ནུས་ཤུགས་མཐོ་རུ་གཏོང་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་ གསུམ་གྱི་ཚད་གཞིར་བགོས་ཏེ་སློབ་ཐོན་པ་སྐོར་ཞིག་སྐྱེད་སྲིང་བྱས་ཡོད་མོད། དེ་དག་ནི “ཏང་གི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས ”དང “ མར་ལེ་རིང་ལུགས། ” “ མའོ་ཙེ་ཏུང་གི་དགོངས་པ ”དང༌།“ ཏིན་ཞོ་ཕཱེན་གྱི་རིག་པའི་གཞུང་ལུགས་ཀྱི་དར་ཆ ”མཐོན་པོར་བསྒྲེངས་སུ་འཇུག་མཁན་གྱི་དགེ་རྒན་སྐོར་ཞིག་དང༌། མི་དང་ཕྱུགས་རིགས་ཀྱི་སྨན་པ་སྐོར་ཞིག ས་གནས་རིམ་ཁག་གི་འགོ་ཁྲིད་སྐོར་ཞིག་སྐྱེད་སྲིང་བྱེད་པའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡིན།

སྤྱིར་བཏང་སྤྲ་མིའི་དུས་རབས་ཙམ་མ་ཟད་དུས་རབས་ཉེར་གཅིག་པའི་མིའི་སྤྱི་ཚོགས་ སུ་འདིའི་རིགས་ལ་སློབ་གསོའི་ཐད་ཀྱི་འཕེལ་རྒྱས་ཡིན་ཟེར་བ་ནི་མི་འོས་པ་ཞིག་ རེད། ལྷག་པར་དུ་བོད་རྒྱ་གཉིས་ཐད་ཀར་སྡུར་གཤིབ་ཞིག་བྱས་ན་དེ་བས་ཀྱང་གནམ་ས་ལྟ་ བུའི་ཁྱད་པར་ཆེན་པོ་ཤོར་འདུག དེང་སྐབས་རྒྱ་མི་རིགས་ཀྱིས “ གོ་ལ་ཕྱེད་འགྱུར ” སོགས་ཀྱི་བརྡ་རྟགས་བཀོད་དེ་རྡུལ་ཕྲན་དང་ཉིང་རྡུལ་རིགས་ཀྱི་མཚོན་ཆ་བཟོས་ནས་ མིའི་རིགས་ལ་ཁ་ཤོམ་འཐེན་ཏེ་ཁོ་ཚོའི་སྲིད་འབྱོར་རིག་གསུམ་གྱིས་འཛམ་གླིང་གི་ འཕེལ་རྒྱས་ཐད་ལ་ཚད་ངེས་ཅན་གྱི་གོ་གནས་ཟིན་ཡོད་པའི་ཚོད་རྩིས་བྱེད་བཞིན་ཡོད། ཡིན་ནའང་དེང་དུས་རྒྱ་ནག་གི་འཕེལ་རྒྱས་ནུས་ཚད་དང་བསྟུན་པའི་འཇིག་རྟེན་འཕུར་ གྲུ་དང༌། གནམ་གྲུ མེ་འཁོར་རླངས་འཁོར་སོགས་ཀྱིས་མཚོན་པའི་འགྲིམ་འགྲུལ་ཡོད་བྱད་དང༌། མིའི་བཟོས་འཁོར་སྐར་དང་འཇིག་རྟེན་འཕུར་གྲུ་སོགས་ཚན་རིག་ཡོ་ཆས། དེ་བཞིན་དུ་གློག་རྡུལ་རྩིས་འཁོར་སོགས་ཀྱིས་མཚོན་པའི་ཁྱིམ་སྤྱོད་ ཡོ་ཆས། ཡང་ན་ཐོན་སྐྱེད་ནུས་ཤུགས་ཡོ་ཆས་སོགས་ཀྱིས་མཚོན་པའི་དེང་རབས་ཡོ་བྱད་འདྲ་མིན་ དང༌། ད་དུང་ཐོག་བརྩེགས་ཁང་ཆེན་དང་མྱུར་བགྲོད་གཞུང་ལམ་བཅས་ཀྱི་ཐད་ལ་དེང་རབས་ཅན་ གྱི་བཟོ་བསྐྲུན་པ་དང༌། ཆེད་མཁས་པ། ཇུས་འགོད་པ་སོགས་གསོ་སྐྱོང་བྱེད་སའི་ལས་རིགས་གང་ཞིག་གི་ནང་དུའང་བོད་མི་ རིགས་ནི་ཉིན་མོའི་སྐར་མ་ནང་བཞིན་གཅིག་ཀྱང་མཐོང་དཀོན་པ་དང་། བོད་ཁུལ་གྱི་གྲོང་དང་གྲོང་ཁྱེར་རྣམ་དེ་དཔེར་ན་ཞིང་ཆེན་རིམ་པའི་འགོ་ཁྲིད་མཐོ་ཤས་ཚང་མ་རྒྱ་རིགས་སུ་བསྒྱུར་ཚར་བ། བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་རིམ་པའི་རྒྱ་སྒྱུར་བྱེད་པ་སོགས་ནི་འདྲ་མཉམ་མིན་ པའི་ཐོབ་ཐང་གི་ཁྱད་པར་ཆེན་པོ་ཡོད་པས།། མི་རིགས་ཤིག་གི་འཕེལ་རྒྱས་མདུན་ལམ་ཐད་ལ་དམིགས་ཡུལ་ལྡན་ཞིང་གཞི་རྒྱ་ཆེ་བའི་ ཚད་བཀག་ཅིག་བཟོས་ཡོད་པ་མངོན་གསལ་དོད་པོའི་ཐོག་ནས་ཕྱིར་མངོན་ཡོད་པ་ཞིག་རེད།

གཞན་ཡང་བོད་ཁུལ་དུ་ཡོད་པའི་རིན་ཆེན་གསེར་དངུལ་ཟངས་ལྕགས་དང༌། གཞན་པའི་གཏེར་རྡོའི་རིགས་འདྲ་མིན། ཆུའི་ཐོན་ཁུངས་དང༌། ཚྭ་ཡི་ཐོན་ཁུངས། ཤིང་ནགས་ཀྱི་ཐོན་ཁུངས། རླངས་སྣུམ་གྱི་ཐོན་ཁུངས། འབྲུ་རིགས་ཀྱི་ཐོན་ཁུངས། དེ་མིན་ཕྱུགས་ལས་ཀྱི་བལ་རིགས་དང་པགས་རིགས། ཤ་དང་འོ་མ། མར་ཆུར་སོགས་ས་གནས་ཐོན་ཁུངས་རང་ནས་ལས་སྣོན་ཐོན་སྐྱེད་བྱེད་པར་རྒྱལ་ཁབ་ཀྱི་ གཞུང་དངུལ་བཀོལ་པ་དང༌། ཡང་ན་སྒེར་གྱི་ཁེ་ལས་གང་ཞིག་གིས་རོགས་སྐྱོར་དང་མ་དངུལ་བཏང་ནས་ཐོན་དངོས་གང་ ཞིག་ཐོན་ཁུངས་རང་ནས་ཐོན་སྐྱེད་བྱས་མི་ཆོག་པར་ཐད་ཀར་རྒྱའི་ནང་ལོག་ས་ཁུལ་དུ་ དྲུད་ནས་ལས་སྣོན་འདྲ་མིན་གྱིས་ཐོན་སྐྱེད་ལེགས་འགྲུབ་བྱུང་རྗེས་ལེགས་གྲས་ རྣམས་རྒྱལ་སྤྱིའི་ཚོང་རྭར་ཕྱིར་འཚོང་བྱེད་ཀྱིན་ཡོད་ལ། སྤུས་ཀ་ཞན་པ་དང་རིན་གོང་ཆུང་བའི་རིགས་རྒྱལ་ནང་དུ་བཙོང་བཞིན་ཡོད། སྤྱིར་ཐོན་དངོས་དེ་དག་སོ་སོའི་ཐོན་ཁུངས་ཡོད་སའི་བོད་ཁུལ་དུ་འབྱོར་དུས་རིན་ གོང་ལྡབ་འགྱུར་གྱིས་ཆེན་པོར་སོང་ཡོད། དཔེར་བཞག་ན། ལོ་རབས་བརྒྱད་བཅུ་ནས་དགུ་བཅུའི་སྐབས་སུ་བོད་ས་ཡོངས་ནས་ལུག་བལ་རྒྱ་མ་གང་ལ་ བྱིན་ཆོག་པའི་རྒྱལ་ཁབ་རིམ་པའི་གོང་ཚད་ནི་རྒྱ་སྒོར་ཤོག་དངུལ་གཅིག་དང་ཕྱེད་ཀ་ ནས་གཉིས་ཙམ་ཡིན། བལ་རྒྱ་མ་གསུམ་གྱིས་བལ་གོས་བསླེས་མ་གཅིག་བཟོ་བར་འདང་གི་ཡོད་པས་གྱོན་གོས་ དེའི་རྒྱུ་ཆའི་རིན་འབབ་ནི་རྒྱ་སྒོར་དྲུག་ཙམ་རེད། རྒྱ་ནག་ནང་ཁུལ་ནས་ལས་སྣོན་བརྒྱུད་དེ་ཐོན་སྐྱེད་གྲུབ་རྗེས་ཕྱིར་རྒྱུ་ཆའི་ བདག་པོ་ཚོས་ཉོ་དུས་རྒྱ་སྒོར་བརྒྱ་ལྷག་རེད། ད་དུང་རྒྱུ་སྤུས་ལེགས་ཤོས་ལ་རྒྱ་སྒོར་ཉིས་བརྒྱ་ནས་སུམ་བརྒྱ་སྟེར་དགོས་ཀྱིན་ ཡོད།

དེ་བཞིན་དུ་བོད་ཁུལ་གྱི་ཤིང་ནགས་གཅོད་འབྲེག་དང༌། ས་ཞིང་རྨོ་འདེབས། ཕྱུགས་རིགས་ཀྱི་ཤ་པགས་བལ་གསུམ། གསེར་དངུལ་གཏེར་ཁ། རི་དྭགས་བསད་པ་སོགས་ཀྱི་ཐོན་འབབ་ཀྱིས་རྒྱ་ནག་ནང་ཁུལ་ཡར་རྒྱས་དང་དར་སྤེལ་དུ་ བཏང་ཡོད། དཔེར་ན། ཕྱི་ལོ ༡༩༥༩ ལོར་མདོ་སྨད་མཚོ་སྔོན་ས་ཆ་གཅིག་པོར་ཆ་མཚོན་ནས་བཤད་ནའང༌། རྩྭ་ཐང་འབྲུ་རིགས་ཐོན་ཁུངས་ཀྱི་ལྟེ་གནས་སུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་ བྱས་ཏེ། ཕྱི་ལོ ༡༩༥༩ ནས ༡༩༦༠ བར་ས་ཆ་དེ་གའི་བོད་རིགས་འབྲོག་པ་མང་ཚོགས་ལ་བཙན་བསྐུལ་སྒོས་རྩྭ་ཐང་ཞིང་ས་རུ་ སློག་ཏུ་བཅུག་པ་དང༌། ད་དུང་རྒྱ་ནག་ནང་ཁུལ་གྱི་ན་གཞོན་སློབ་ཕྲུག་ཁྲི་ཕྲག་བཅུ་ལྷག་དང་བཙོན་པ་མང་ པོ་དེད་འོང་ནས་ཞིང་ལས་ས་ཚིགས་བཞི་བཅུ་ལྷག་བཙུགས་པ་དང་གདོད་མའི་རྩྭ་ཐང་མུའུ་ ཁྲི་ཚོ ༦༠༠ ལྷག་ས་ནག་ཏུ་བསྒྱུར་པ་སོགས་དཔེ་མཚོན་ཙམ་དུ་དྲངས་ན། “ < < མཚོ་ནུབ་ཁུལ་གྱི་ལོ་རྒྱུས་དེབ་ཐེར > > ལས་ཕྱི་ལོ ༡༩༦༠ ནས ༡༩༦༡ དེ་ལོ་གཅིག་གི་ནང་འབྲོང ༧༠༠༠ ལྷག་དང༌། རྐྱང ༧༥༠༠༠། གཉན ༡༠༠ ལྷག་བསད་པར་འཁོད་ཡོད། ” དེ་དག་ལོ་རབས་བརྒྱད་བཅུ་བའི་ལོ་སྟོད་དེ་འགན་གཙང་ལེན་བྱས་པའི་མཚམས་ཀྱི་ལོ་ངོ ༢༠ དུས་ཡུན་གྱི་བར་ལ་ཆ་སྙོམས་ཀྱིས་རྩིས་ཤིག་བརྒྱབས་ན་འབྲོང་བསད་གྲངས་ས་ཡ་གཅིག་ དང་འབུམ་བཞི ༡༤༠༠༠༠༠ དང༌། རྐྱང་ས་ཡ་གཅིག་དང་འབུམ་ལྔ༡༥༠༠༠༠༠། གཉན་ཉིས་སྟོང ༢༠༠༠ གི་གྲངས་གནས་ཟིན་ཞིང༌། ད་དུང < < མཚོ་སྔོན་ཞིང་ཆེན་ལོ་རྒྱུས་དེབ་ཐེར > > ལས་ཕྱི་ལོ ༡༩༦༧ ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཚོང་ལས་སྡེ་ཁག་ནས་བསྡུ་ལེན་བྱས་པའི་རི་ དྭགས་ཀྱི་ཤ་ཏུན ༦༦༧ ལྷག་དང་རི་དྭགས་པགས་རིགས་ཁྲི ༡༤༢ལྷག གླ་རྩི་སྤྱི་རྒྱ ༢༠༠༠ བསྡུས་པ་སོགས་བཀོད་ཡོད་པས་ལོ་ངོ་ཉི་ཤུའི་དུས་ཡུན་ནང་དུ་རི་དྭགས་ཀྱི་ཤ་ཏུན་ ཆིག་འབུམ་སུམ་ཁྲི་སུམ་སྟོང་ལྔ་བརྒྱ་བརྒྱད་བཅུ༡༣༣༥༨༠དང༌། རི་དྭགས་ཀྱི་པགས་རིགས་ཁྲི་ཚོ་གཉིས་སྟོང་བརྒྱད་བརྒྱ་བཞི་བཅུ ༢༨༤༠། གླ་རྩི་སྤྱི་རྒྱ་བཞི་ཁྲི ༤༠༠༠༠ ཡི་གྲངས་གནས་ཟིན་འདུག

རྒྱ་ནག་གིས་བོད་ཀྱི་བདག་དབང་བཙན་བཟུང་བྱས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ རྩིས་ཤིག་བརྒྱབས་པ་ཡིན་ན་ལྡབ་གཅིག་གིས་མང་དུ་འཕར་སྲིད་པ་སྨྲས་མེད་རེད། གོང་གསལ་དག་ནི་རི་སྐྱེས་སྲོག་ཆགས་རིགས་ཁ་ཤས་ཤིག་ལས་རྟ་ནོར་ལུག་གསུམ་གྱིས་ མཚོན་པའི་སྒོ་ཕྱུགས་ཀྱི་རིགས་གང་ཡང་འདུས་མེད དེ་བཞིན་ཚྭ་འདམ་གཞུང་དུ་ཕྱི་ལོ ༡༩༥༠ ནས ༡༩༩༠ བར་ནགས་ཚལ་མུའུ་སུམ་ཁྲི་ལྷག་བཅད་པ་སོགས་བོད་ཁུལ་གྱི་ས་ཆ་འདྲ་མིན་ནས་ཤིང་ ནགས་ཕོན་ཆེན་གཅོད་འབྲེག་བྱས་པ་རྣམས་གཅིག་གི་སྣེ་མོར་གཅིག་མཐུད་བརྒྱབས་པ་ ཡིན་ན་ས་གོ་ལར་དཀྲིས་གསུམ་བརྒྱག་ཐུབ་པའི་རྩིས་གཞི་བཟོས་ཡོད་པ་རེད། དེ་དག་ནི་བོད་ཀྱི་ས་ཁུལ་རེ་ཟུང་གི་གནས་ཚུལ་ཙམ་ཡིན་པས་བོད་ས་ཡོངས་ཀྱི་གྲངས་ འབོར་ནི་ཧ་ཅང་ཚད་ལས་འདས་པ་ཞིག་རེད། བོད་ཁུལ་གྱི་གཏེར་དངོས་དང་ཐོན་རྫས་དེ་དག་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་ རྒྱས་དང༌། རིག་གནས་སློབ་གསོའམ་དེང་རབས་ཅན་འཛུགས་བསྐྲུན་གྱི་བྱེད་སྒོ་འདྲ་མིན་གྱི་ སྟེང་ལ་བཀོལ་སྤྱོད་བྱས་ཡོད་ཚེ་བོད་མི་རིགས་འདིའང་དེ་རིང་གི་འདི་ལྟར་རྗེས་ ལུས་བག་འཁུམ་དང༌། མཉམ་ཆུང་ནུས་མེད་ཀྱི་མི་རིགས་ཤིག་ལ་འགྱུར་དོན་མེད། རྒྱུ་མཚན་ནི་བོད་མི་རིགས་འདི་ཉིད་ལོ་རྒྱུས་རིང་ལ་རིག་གནས་སྣ་མང་ཅན་དང༌། ཐོན་ཁུངས་ཕུན་སུམ་ཚོགས་པ། དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན།

སྔོན་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་རྒྱ་ནག་ལ་འགྲན་བཟོད་པའི་རྒྱལ་ཁབ་ཅིག་ ཡིན་ལ། སྐབས་རེ་དམག་དོན་དང་དཔལ་འབྱོར་སོགས་རྒྱ་ནག་ལས་ཆེ་ཆེར་བརྒལ་མྱོང་མཁན་ཞིག་ ཀྱང་ཡིན། འོན་ཀྱང་གུང་ཁྲན་ཏང་གིས་དབང་བསྒྱུར་བའི་དུས་ཡུན་ནང་འདི་ལྟ་བུའི་རྗེས་ལུས་ ཐེབས་པ་ནི་འཆར་གཞི་དང་ལྡན་པའི་ཚད་བཀག་ཞིག་གི་དབང་དུ་སོང་བ་ཁོ་ན་ཞིག་ཡིན་པ་ནི་བོད་
མི་རིགས་གཙོ་བོར་གྱུར་པའི་འཛམ་གླིང་མི་དམངས་ཀྱིས་ཤེས་དགོས་པའི་དོན་གནད་ཅིག་རེད།

ལོ་རབས་ལྔ་བཅུ་བར་མའོ་ཙེ་ཏུང་གིས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཁག་གཙོས་རྒྱ་ ནག་མི་དམངས་ལ་སྡོམ་ཚིག་ཅིག་བཀོད་ཡོད་པ་ནི “ཀྲུང་གོའི་མི་གྲངས་དུང་ཕྱུར་དྲུག་ལ་ཁྱད་ཆོས་གཞན་དག་ཡོད་པ་ཕུད། ད་དུང་ཁྱད་ཆོས་གསལ་བོ་ཞིག་ཡོད་པ་ནི་དབུལ་ཞིང་ཕོངས་པ་དེ་ཡིན། དེ་དག་ཕར་བལྟས་ན་བྱ་བ་ངན་པ་ཞིག་ཏུ་སྣང་ཡང་དོན་དུ་བྱ་བ་བཟང་པོ་ཞིག་ཡིན། དབུལ་ན་སྒྱུར་བཅོས་བྱས་ནས་ལག་ལེན་དང་གསར་བརྗེ་བྱེད་ངེས་ཡིན། ཤོག་བུ་དཀར་པོ་ཞིག་ལ་གང་ཡང་བྲིས་མེད་ན། ཡི་གེ་གསར་ཤོས་དང་མཛེས་ཤོས་ཤིག་འབྲི་བདེ་བ་དང་རི་མོ་གསར་ཤོས་དང་མཛེས་ཤོས་ ཤིག་འབྲི་བདེ་བ་ཡོང་བ་རེད ”ཅེས་དང༌། ཕྱི་ལོ༡༩༥༨ལོའི་ཟླ ༤ ཚེས ༡༥ཉིན་མཉམ་ལས་ཁང་ཞིག་ངོ་སྤྲོད་བྱས་པ་ཞེས་པར་གསལ། དེ་བཞིན་དུ < < མར་ཁེ་སི་རིང་ལུགས་ཀྱི་མི་རིགས་སྐོར་གྱི་རིག་པའི་གཞུང་ལུགས > > ཅེས་པའི་ནང་དུའང “ རྒྱལ་ཁབ་གཅིག་སྡུད་གཅིག་གྱུར་དང་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེ་ནི། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད། རྒྱལ་ཁབ་ནང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་སྐབས། དམིགས་ས་དེ་ངེས་པར་དུ་གསར་བརྗེ་དང་འཛུགས་སྐྲུན་གྱི་རྩ་བའི་གནད་དོན་ཏེ་རྒྱལ་ ཁབ་དང་སྲིད་དབང་དེ་ཡིན་དགོས། རྒྱལ་ཁབ་དང་སྲིད་དབང་འཛུགས་སྐྲུན་གྱི་གནད་དོན་ཐད་ངེས་པར་དུ་རྒྱལ་ཁབ་ཀྱི་ གཅིག་སྡུད་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། དེའི་རྒྱུ་མཚན་ནི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་གོང་དུ་སྤེལ་བ་དང་རྒྱལ་ ཤུགས་ཧྲིལ་བོའི་ནུས་པ་སྤེལ་བར་གཅིག་སྡུད་གཅིག་གྱུར་གྱི་ཆ་རྐྱེན་འོག་ཏུ་མ་ གཏོགས་མངོན་འགྱུར་བྱེད་མི་ཐུབ་པ་དེ་རེད། འདི་འདྲའི་གཅིག་སྡུད་གཅིག་གྱུར་ནི་དམངས་གཙོའི་རྨང་གཞིའི་སྟེང་གི་གཅིག་སྡུད་ གཅིག་གྱུར་ཏེ་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ཡིན། མི་རིགས་མང་པོའི་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན། གལ་ཏེ་དཔལ་འབྱོར་དང་འཚོ་བའི་ཐད་ཅུང་ཆེ་བའི་ཁྱད་ཆོས་དང་ཁྱད་པར་ཅན་གྱི་མི་ རིགས་སུ་གྲུབ་པའི་ས་གནས་དེར་ཆ་ཚང་བའི་དམངས་གཙོའི་དབང་ཆ་སྟེར་མི་ཉན་པ་དང༌། ས་གནས་དེ་རིགས་སུ་རང་མི་རིགས་སམ་དབང་འཛིན་མི་རིགས་ཀྱི་གནས་ཚུལ་དངོས་གཞིར་ བཟུང་ནས་རང་ཉིད་ཀྱི་ལས་དོན་ལ་དོ་དམ་བྱེད་པར་འགན་སྲུང་མ་བྱས་ན། གཅིག་སྡུད་གཅིག་གྱུར་སྲ་བརྟན་དངོས་ཤིག་ཡོང་ཐབས་མེད ” ཟེར་བ་དང༌། ཡང “ མི་རིགས་ཀྱི་ཁྱད་དབང་ངམ་ཡང་ན་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འདྲ་མཉམ་ཇེ་ཆུང་ དུ་གཏོང་བའི་བྱེད་ཐབས་མཐའ་དག་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱེད་དགོས”ཅེས་འཁོད་ ཡོད། གོང་གི་གནས་ལུགས་འདི་དག་གི་སྟེང་ནས་གུང་ཁྲན་ཏང་གི་དབང་ཆ་གཅིག་བསྡུད་ལམ་ ལུགས་ལག་བསྟར་དང་དར་སྤེལ་དུ་གཏོང་དགོས་ན་དབང་བསྒྱུར་མཁན་དང་དབང་བསྒྱུར་ མྱོང་མཁན་གཉིས་ཀྱི་དཔལ་འབྱོར་གནས་སྟངས་དང་རིག་གནས་ཀྱི་ཆུ་ཚད། ཆབ་སྲིད་ཐོབ་ཐང་སོགས་ཀྱི་ཐད་ལ་ཁྱད་པར་ཡོད་དགོས་པ་དང་ དབང་སྒྱུར་མྱོང་མཁན་གྱི་དཔལ་འབྱོར་ཚད་གཞི་དང་རིག་གནས་ཚད་གཞི། མིའི་རིགས་ཀྱི་ཐོབ་ཐང་སོགས་དམའ་རིམ་ཐོག་ཚོད་འཛིན་བྱེད་ཀྱིན་ཡོད་པ་མངོན་གསལ་ དོད་པའི་བཤད་ཡོད་པ་མ་ཟད་དེ་ནི་ཆབ་སྲིད་རང་བཞིན་དང༌། ཁྲིམས་ལུགས་རང་བཞིན། བཙན་གནོན་རང་བཞིན་གྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་ནི་གུང་ཁྲན་ཏང་གི་རྩ་བའི་ སྲིད་ཇུས་རེད། ཡང་དཔེར་ན། < < མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས > > ཞེས་པར “མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ལ་ཐབས་ཤེས་གཉིས་ཡོད་པ་ནི་དགྲ་བོར་ཆ་ མཚོན་ན། སྲིད་དབང་སྒེར་འཛིན་གྱི་ཐབས་ཤེས་སྤྱོད་དགོས་པ་དེ་རེད། དེ་གསལ་བོར་བཤད་ན་དགོས་ངེས་ཀྱི་དུས་ཚོད་ཅིག་གི་རིང་ལ་ཁོ་ཚོ་ཆབ་སྲིད་ཀྱི་བྱ་ བར་ཞུགས་སུ་མི་འཇུག་པ་དང༌། བཙན་ཤེད་ཀྱིས་ཁོ་ཚོ་མི་དམངས་སྲིད་གཞུང་གི་བཅའ་ཁྲིམས་ལ་བརྩི་བཀུར་བྱེད་དུ་ འཇུག་པ། བཙན་ཤེད་ཀྱི་སྒོ་ནས་ཁོ་ཚོར་ངལ་རྩོལ་བྱེད་དུ་འཇུག་དགོས་པར་མ་ཟད་ངལ་རྩོལ་གྱི་ ནང་ནས་ཁོ་ཚོར་བསྒྱུར་བཀོད་བྱས་ཏེ་མི་གསར་བ་ཞིག་ཏུ་འགྱུར་བ་བཅས་བྱེད་དགོས་པ་ རེད” ཅེས་འཁོད་ཡོད། གོང་གསལ་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ ལྷན་ཁང་སྐབས་དང་པོའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་འདུའི་མཇུག་ཏུ་བཤད་ཡོད། འདི་ནི་ཕྱི་ལོ ༡༩༥༠ལོའི་ཟླ༦པའི་ཚེས་༢༣ཉིན་འཀོད་ཡོད། ཕྱི་ལོ༡༩༦༦ལོར་དཔར་ཏུ་བསྐྲུན་པའི < < མའོ་ཙེ་ཏུང་གི་གསུང་བཏུས > > ཞེས་པའི་ནང་གསལ། དེ་བས་རྒྱ་ནག་གུང་ཁྲན་ཏང་གི་དབང་སྒྱུར་གྱི་དུས་ཡུན་ནང་དུ་བོད་སྤྱི་ཚོགས་ ཡོངས་ཀྱི་དཔལ་འབྱོར་དང་རིག་གནས། ཆོས་ལུགས། ལོ་རྒྱུས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཚད་བཀག་རང་བཞིན་གྱི་སྟངས་འཛིན་བྱས་ཏེ་རྒྱ་ནག་ གིས་བོད་ལ་དབང་བསྒྱུར་བྱེད་པ་དེ་ཡོངས་སུ་རྫོགས་པའི་ལེགས་འགྲུབ་མ་བྱུང་བར་ དུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མ་རེད། འདིར་ཡོངས་སུ་རྫོགས་པའི་དབང་སྒྱུར་ཞེས་པ་ནི་ད་ལྟའི་ཀྲུང་ཧྭ་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཏུ་འབོད་པ་འདིའི་དབང་འཛིན་འོག་གནས་པའི་མི་རིགས་ཡོངས་རྫོགས་ ཚོགས་པ་གཅིག་དང༌། སྐད་རིགས་གཅིག ཡིག་རིགས་གཅིག མི་རིགས་གཅིག་བཅས་ཀྱི་ངོ་བོར་བཙན་ཤེད་ཀྱིས་འགྱུར་དུ་འཇུག་རྒྱུ་དེ་ལ་ཟེར་ གྱིན་ཡོད། འདི་ནི་རྒྱ་ནག་གུང་ཁྲན་ཏང་གི་རྩ་བའི་ལངས་ཕྱོགས་ཡིན་ལ་མཐར་ཐུག་གི་དམིགས་ཡུལ་ ཡང་རེད། དེ་ནི་ཁོ་ཚོའི་“ མི་མང་དམངས་གཙོ་སྲིད་དབང་སྒེར་འཛིན་ལམ་ལུགས” ཟེར་བ་འདིས་མངོན་གསལ་དོད་པའི་གཏན་འབེབས་བྱས་ཡོད་པ་ཞིག་རེད། སྲིད་དབང་སྒེར་འཛིན་དང་དབང་ཆ་གཅིག་སྡུད་ཡིན་པའི་མི་རིགས་འཐབ་རྩོད་དང༌། གྲལ་རིམ་དབྱེ་འབྱེད། རིག་གནས་གསར་བརྗེ་བཅས་བྱེད་རྒྱུ་ནི་གུང་ཁྲན་རིང་ལུགས་སུ་བསྐྱོད་པའི་སྔོན་ འགྲོ་ལྟ་བུ་ཡིན་ལ། སྤྱི་ཚོགས་རིང་ལུགས་སྐབས་སུ་ལག་ལེན་དུ་འཁེལ་དགོས་པའི་ལས་འཆར་གཙོ་བོའང་ཡིན། རྒྱུ་མཚན་འདི་དག་གི་རྐྱེན་པས་མི་རིགས་འཕེལ་རྒྱས་ཟེར་བ་དང༌། ཆོས་ལུགས་རང་མོས། ས་ཁོངས་རང་སྐྱོང༌། བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་བཞིན་ཡོད་ཟེར་བ་ནི་ཆིག་ལབ་སྟོང་བ་རེད། རྒྱུ་མཚན་ནི་ཁོ་ཚོས་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་ཡར་རྒྱས་གོང་འཕེལ་ དུ་བཏང་བ་ཡིན་ན་དེ་ལ་སྟངས་འཛིན་བྱེད་པའི་དབང་ཚད་ཆུང་དུ་འགྲོ་བཞིན་ཡོད་པའི་ གནས་ལུགས་ཤིག་བཤད་ཀྱིན་ཡོད། དེ་བས “ མར་ཁེ་སུ་ལེ་ཉིན་རིང་ལུགས” ཟེར་བ་དང༌། “ མོའོ་ཙེ་ཏུང་གི་དགོངས་པ” ཟེར་བ། “ ཏིང་ཞོ་ཕེན་གྱི་རིག་པའི་གཞུང་ལུགས་ཀྱི་དར་ཆ། ” “ ཅང་ཙེ་མེན་གྱི་མཚོན་བྱེད་གསུམ། ”དེ་བཞིན་དུ་ཧོ་ཅིན་ཐོ་ཡི “ འཆམ་མཐུན ”ཟེར་བའི་བསྒྲགས་གཏམ་མཐའ་དག བོད་རིགས་གཙོས་གྲངས་ཉུང་མི་རིགས་སྐོར་ཞིག་ལ་ཆ་མཚོན་ནས་བཤད་ན་གོ་མི་ཆོད་པའི་ ཁྱབ་བསྒྲགས་ཙམ་ལས་དངོས་ཐོག་བདེན་འཚོལ་གྱི་བྱེད་ནུས་ཅི་ཡང་ཐོན་ཐུབ་མེད་པར་མ་ ཟད། རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་འཛིན་པའི་ཚད་བཀག་རང་བཞིན་གྱི་སྲིད་ཇུས་ འདི་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་ལ་རྒྱབ་འགལ་དུ་སོང་བ་ཞིག་དང་བོད་ཅེས་པའི་མི་རིགས་འཇིག་རྟེན་གོ་ལ་ཟླུམ་པོ་འདིའི་ཐོག་རྩ་བརླག་ཏུ་གཏོང་རྩིས་ཡོད་ཞིག་རེད། ། 219Û/e?Ë›

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
སྒྲོམ་ནང་གི་བོད།
ཁྱུང་སྲས་རྒྱ་རིགས་ཐར།